յզް᳤֦ަݳ֦鵵ǰݦ԰֦

སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་སྐུ་ཞབས་ཀུན་དགའ་ལགས་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཟོན་ཐར་སྐྱིད།

 

 

 

ཟླ༡༡ཚེས༥ཉིན་གྱི་སྔ་དྲོའི་ཆུ་ཚོད༡༡པར་གསར་འགོད་པ་སེ་ར་ཐེག་ཆེན་གླིང་དུ་ཡོད་པའི་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་དཔེ་འཚོང་ཁང་དུ་འབྱོར་པ་ན། དེ་གར་གྲྭ་པ་དང་། སློབ་མ། དགེ་རྒན། དད་ལྡན་པ་བཅས་དཔེ་དེབ་ཉོ་མཁན་སེར་སྐྱ་ཕོ་མོ་མང་པོ་ཡོད་པ་དང་། ཁོ་ཚོས་རང་ལ་གང་མཁོའི་དཔེ་དེབ་ཉོ་བར་བྲེལ་བཞིན་འདུག ཕ་ཡུལ་མདོ་སྨད་ནས་ཡིན་པའི་གྲྭ་པ་དར་མ་གཉིས་ཀྱིས་ལྗིད་ཏིག་ཏིག་གི་དཔེ་དེབ་གསོ་སྒྱེ་གཉིས་ཉོས་རྗེས་ཕྲག་ཏུ་ཁུར་ནས་དགའ་ལྷང་ལྷང་ངང་ཕྱིར་ཕེབས་པ་མཐོང་།

རྒྱུས་ལོན་བྱས་པ་ལྟར་ན། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནི་སྤྱི་ལོ༢༠༠༧ལོར་སེ་ར་ཐེག་ཆེན་གླིང་དང་ལྷ་ལྡན་གཙུག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མ་དངུལ་སྒོར་ས་ཡ༣གྱི་འགྲོ་གྲོན་བཏང་ནས་བཙུགས་ཤིང་། སྔོན་བྱོན་མཁས་པའི་གསུང་རྩོམ་དཀོན་པོ་དང་རྩ་ཆེན་དག་མྱུར་སྐྱོབ་བྱས་པར་མ་ཟད། དེང་སྐབས་ཀྱི་སློབ་གཉེར་བར་ཉེར་མཁོའི་དཔེ་ཚོགས་གངས་ཅན་ཁྱད་ནོར་ཞེས་པའང་པོད་ཕྲེང་བརྒྱ་ཕྲག་ལྷག་པར་སྐྲུན་བྱས་པ་དང་། དགོན་སྡེ་དང་སྤྱི་ཚོགས་ཀྱི་དཔེ་མཛོད་ཁང་ཉིས་བརྒྱ་ལྷག་ལ་པོད་ཕྲེང་ཆ་ཚང་རེ་རིན་མེད་གཟིགས་འབུལ་ཞུས་པ་ལས་དེ་འཕྲོས་རྣམས་མ་གནས་ཙམ་གྱི་ཐོག་ནས་བཙོང་བཞིན་ཡོད་པས་སེར་སྐྱ་ཐོས་བསམ་ཅན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

དེ་གའི་དཔེ་འཚོང་ཁང་གི་སྐུ་ཞབས་ཀུན་དགའ་ལགས་ལ་བཅར་འདྲི་ཞུས་པ་ལྟར་ན། ད་ལྟ་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ལ་ལས་བཟོ་པ་ཁྱོན་བསྡོམས༡༥ཡོད་པ་དང་མི་རེར་ཟླ་ཕོགས་སྒོར༡༥༠༠ལྷག་སྤྲོད་བཞིན་ཡོད་ལ་ད་ལྟའི་བར་སྔོན་བྱོན་མཁས་པའི་གསུང་རྩོམ་པོད་ཕྲེང་༣༢༥ཙམ་པར་སྐྲུན་བྱས་ཟིན། སྔོན་ཆད་དཔེ་དེབ་རེར་དཔར་གྲངས༡༠༠༠ཙམ་ལས་མེད་ནའང་དེང་སྐབས་དཔེ་དེབ་ཉོ་མཁན་ཇེ་མང་དུ་སོང་བས་དཔར་གྲངས་ཀྱང༢༠༠༠ཡས་མས་སུ་འཕར་བ་རེད། གཞན་ཡང་ལོ་སྔོན་མ་དག་ལ་ཆ་སྙོམས་ལོ་རེར་དཔེ་དེབ་གསར་པ༡༥ནས༡༦ཙམ་མ་གཏོགས་པར་སྐྲུན་བྱེད་མི་ཐུབ་ཀྱང་ད་ལོར་དཔེ་དེབ་གསར་པ༥༦པར་སྐྲུན་བྱས་ཟིན། ད་ལྟའི་བར་པར་སྐྲུན་བྱས་པའི་གསུང་རྩོམ་ལས་མང་ཤོས་དགེ་ལུགས་པའི་སྐོར་ཡིན་ནའང་རྗེས་ཕྱོགས་གྲུབ་མཐའ་རིས་མེད་ཀྱི་གསུང་འབུམ་པར་སྐྲུན་བྱེད་རྩིས་འདུག

དཔེ་དེབ་ཀྱི་མ་དཔེ་མང་ཤོས་གང་ནས་རག་ཚུལ་སྐོར་ལ་ཁོང་གིས། མ་དཔེ་མང་ཤོས་པོ་ཏ་ལ་ནས་གཡར་བ་དང་རྩེ་པོ་ཏ་ལ་རུ་སྔོན་བྱོན་མཁས་པའི་གསུང་འབུམ་རྩ་ཆེན་མང་པོ་བཞུགས་པས་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་ཞེས་བརྗོད་ཆོག དཔེར་ན། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་གྱི་མ་དཔེ་ནི་འཛམ་བུ་གླིང་འདིར་གཉིས་མ་གཏོགས་མེད། གཅིག་ནི་ཨ་རི་ན་ཡོད་པར་གྲགས་ཤིང་། ཅིག་ཤོས་ནི་རྩེ་པོ་ཏ་ལ་ན་ཡོད། ང་ཚོས་དེའང་པར་སྐྲུན་བྱས་ནས་འདི་གར་བཙོང་རྒྱུ་ཡོད། དེ་ལྟ་བུ་མང་པོ་པར་སྐྲུན་བྱས་མྱོང་ལ་རྗེས་མར་ཡང་མུ་མཐུད་དཔེ་རྒྱུན་དཀོན་པོ་དང་རྩ་ཆེན་རྣམས་འཚོལ་སྡུད་དང་པར་སྐྲུན་བྱེད་རྩིས་ཡོད་ཅེས་གསུངས་པ་རེད།

དཔེ་དེབ་ཉོ་མཁན་མང་པོ་ཡོད་མིན་སྐོར་དྲིས་པར་ཁོང་གིས། དཔེ་དེབ་ཉོ་མཁན་ནི་ཉིན་རེར་ཇེ་མང་དུ་འགྲོ་བཞིན་འདུག དེ་ནི་གཅིག་ནས་དཔེ་དེབ་རྣམས་མ་གནས་ཙམ་གྱི་ཐོག་ནས་བཙོང་བཞིན་ཡོད་པས་རིན་གོང་བདེ་བ་དང་། གཉིས་ནས་དཔེ་རྒྱུན་དཀོན་པོ་དང་རྩ་ཆེན་དག་པར་སྐྲུན་བྱས་པས་ཉེར་མཁོ་ཆེ་བའི་རྒྱུ་མཚན་ཡིན་སྲིད་ཅེས་གསུངས།

དཔེ་འཚོང་ཁང་གི་དཔེ་སྒྲོམ་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཉེར་མཁོ་ཆེ་བའིསུམ་རྟགས་འགྲེལ་པདངབསྟན་དར་ལྷ་རམས་པའི་གསུང་འབུམསོགས་དང་། དད་ལྡན་པར་མཁོ་གལ་ཆེ་བའིཞྭ་དམར་པཎྚིཏའི་ལམ་རིམདངལམ་རིམ་བློ་སྦྱོང་སྐོར་གྱི་གདམས་པ་གཅེས་བསྡུསརྒྱུན་མཁོའི་བསྟོད་སྨོན་ཁག་གི་འགྲེལ་བ་ཕྱོགས་བསྒྲིགས(ཁག་དང་པོ་ནས་བདུན་པའི་བར)རྒྱལ་སྲས་ལག་ལེན་རྩ་འགྲེལ་གཅེས་བསྡུསསོགས་ལྟ་བུ། མི་ལ་རས་པའི་རྣམ་ཐརལྟ་བུས་མཚོན་པའི་རྩོམ་རིག་གི་སྐོར་བཅས་དཔེ་དེབ་སྣ་ཚོགས་ཡོད་པ་རེད།

ཁོང་ཅག་གི་རྣམ་དཀར་འཕྲིན་ལས་འདི་ཉིད་ཀྱིས་གངས་ཅན་ཁ་བའི་ལྗོངས་ཀྱི་རིག་གནས་ཆབ་རྒྱུན་རིང་པོར་སྔར་ལས་རྒྱས་སྲིད་པ་དང་། སྐྱེ་འགྲོ་ཀུན་ལ་ཞི་མཐུན་དཔལ་གྱི་ཡོན་ཏན་གྱིས་འཁྱུད་ངེས་པས་ན། རང་ཅག་ཡོངས་ཀྱིས་ལེགས་བྱས་དེ་ཉིད་ལ་འགལ་རྐྱེན་ཉེར་འཚེ་མེད་པ་དང་མཐུན་རྐྱེན་གྲོགས་ཀྱིས་ཕྱུག་པའི་སྨོན་ལམ་འདེབས་སོ། །

 

 

 


ذհ⳪ަ浬
  • Ȱ洽ަյװզ鳳԰ަް⡷洸
  • ް᳤֦ަ泴ð֦԰զ沶հ塷洸

  • 鳲Ц߰ݰ֦洷ݦհ֦հذզհް泶ݰ֦հަݦҰ